General Thoughts on Current Tibetan Information Technology
༄༅།། བོད་ཀྱི་དྲ་རྒྱའི་སྐོར་ལ་ཕུལ་བའི་དྲན་ཚུལ་འགའ་།
ཐོག་མར་བོད་ཕྱི་ནང་གི་དེང་རབས་དྲ་རྒྱའི་ཕྱོགས་ལ་ཐབས་བརྒྱ་ཇུས་སྟོང་གིས་ཡར་རྒྱས་དང་རྔུལ་ཁྲག་འདོན་བཞིན་པའི་ལྷག་བསམ་རྣམ་དག་ཅན་གྱི་མཁས་དབང་དང་གསར་དུ་འཚར་ལོངས་བྱུང་བའི་གངས་ཅན་པའི་གཞོན་རབས་དག་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ། ལྷག་པར་དུ་བོད་ནང་གི་ཧི་མ་ལ་ཡའི་བོད་ཀྱི་ཡིག་གཟུགས་(Microsoft Himalaya)དང་རྡ་སའི་བོད་ཀྱི་གློག་ཀླད་ཞིབ་འཇུག་སྡེ་ཚན་གྱི་བོད་ཀྱི་ཡིག་གཟུགས (TCRC Tibetan)། བཙུན་པ་ལྷག་བསམ་ཅན་སྨོན་ལམ་མཆོག་གི་སྨོན་ལམ་བོད་ཡིག(Monlam Tibetan)་བཅས་ནི་དེང་སྐབས་བོད་ཀྱི་དྲ་རྒྱའི་རིག་གཞུང་སྟེང་ལ་བླ་ན་མེད་པའི་མཛད་རྗེས་བཞག་དང་འཇོག་བཞིན་ཡོད་པ་དྲ་རྒྱའི་ཞིང་ཁམས་འགྲིམ་པའི་གཟིགས་མོ་བ་རྣམས་ཀྱིས་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་པས་འདིར་ཞིབ་བརྗོད་མི་བྱེད་ལ། གལ་བོ་ཆེ་ལ་ནན་ཏན་གྱིས་ཚུལ་དུ་ངས་འདིར་སྐབས་སུ་བབ་པའི་བསམ་ཚུལ་འགའ་བློ་དང་ལྡན་པ་རྣམས་ཀྱི་སྤྱན་ལམ་དུ་འབུལ་འདོད་བྱུང་། ཡིན་ཡང་འདི་དག་ནི་སྙིང་ཁོང་རུས་པའི་སྟེང་ནས་བརྡོལ་བའི་བརྩེ་བའི་མིག་ཆུ་ཙམ་ལས་ཀུན་སློང་ངན་པའི་དུག་དྲི་ཡིས་བསླད་དེ་གང་བྱུང་དུ་སྨྲས་པ་མིན་ལ། དེ་བས་མཁྱེན་དཔྱོད་དང་ལྡན་པ་རྣམ་པས་ཕྱོགས་རིས་ཀྱིས་མ་ཟིན་པར་རིག་པའི་རྩལ་ལས་མ་འོངས་བོད་ཀྱི་དྲ་རྒྱའི་འཕེལ་ཕྱོགས་ལ་དགོངས་ཏེ་ཞིབ་འཇུག་དང་ལག་ལེན་ཏུ་འདེབས་རོགས་ཞུ་ཞེས་གསོལ་ལོ།།
༡༽ ངེས་པར་དུ་མཁོ་བའི་༼འཛམ་གླིང་བོད་ཀྱི་ཆ་འཕྲིན་ལག་རྩལ་ཚོགས་འདུ་སྐབས་དང་པོ (The 1st Seminar of International Tibetan Information Technology) ༽དེ་སྐོང་དགོས་པ། དེའི་བརྗོད་བྱ་གཙོ་བོ་ནི་མ་འོངས་བའི་བོད་ཀྱི་དྲ་རྒྱའི་འཕེལ་རྒྱས་ཕྱོགས་ཡིན་དགོས་ལ། དེ་ཡང་ཆབ་སྲིད་ཀྱི་ངོ་བོར་མ་གྱུར་བའི་སྟེང་ནས་བོད་ཕྱི་ནང་གི་དྲ་རྒྱའི་མཁས་དབང་དག་དང་ནུབ་ཕྱོགས་བོད་ཀྱི་དྲ་རྒྱའི་ཞིབ་འཇུག་པ་དང་ཞབས་ཞུ་བ་དག དེ་ལས་གཞན་ད་དུང་རྒྱ་རིགས་བོད་ཀྱི་དྲ་རྒྱའི་མཁས་པ་སོགས་མེད་དུ་མི་རུང་བས་དུས་ད་ལྟ་ནས་བོད་ཕྱི་ནང་དུ་ཡོད་པའི་འབྲེལ་ཡོད་ལས་ཁུངས་དག་གིས་ཐབས་ཤེས་ཟུང་འབྲེལ་གྱིས་ནུས་ཤུགས་འདོན་དགོས་པའི་དུས་ལ་སླེབས་ཡོད་པ་དང་། ལྷག་པར་དུ་དྲ་རྒྱ་འདི་དེང་རབས་བོད་ཀྱི་སྲིད་འབྱོར་རིག་གསུམ་སོགས་ཀྱི་ཡར་རྒྱས་ལ་མེད་དུ་མི་རུང་བའི་སྲོག་རྩ་ལྟ་བུར་གྱུར་ཡོད་པས་སོ།
༢༽ དེང་སྐབས་ཡར་ཐོན་ཅན་གྱི་རྒྱལ་ཁབ་དག་གིས་དྲ་རྒྱའི་ཞིང་ཁམས་ནས་སྲིད་འབྱོར་རིག་གསུམ་སོགས་ཀྱི་ལང་ཚོ་མངོན་པ་དང་ཐབས་འཛིང་བྱེད་བཞིན་ཡོད་ལ། ང་ཚོ་ཁ་བ་རི་བོའི་རྩམ་གཟན་རྣམས་ཀྱིས་ད་དུང་གཡག་ཞར་བས་རྩྭ་ཟ་བ་ནང་བཞིན་ཕྱོགས་གཅིག་མཐོང་སྟེ་ཕྱོགས་གཞན་དེ་མ་མཐོང་པའི་སྲོལ་ལྟ་བུར་གྱུར་ཡོད་པས་སྐྱ་སེར་ཆེ་ཆུང་ཀུན་ལ་དུས་ད་ནས་བཟུང་དམའ་རིམ་སློབ་ཆུང་ནས་མཐོ་རིམ་སློབ་ཆེན་བར་བོད་ཡིག་དྲ་རྒྱའི་སློབ་སྦྱོང་གི་གོ་སྐབས་སྐྲུན་རྒྱུ་དང་ཆེད་ལས་བོད་ཀྱི་དྲ་རྒྱའི་སློབ་གྲྭ་གསར་འཛུགས་གནང་རྒྱུ་དེ་ཡིན་ལ། ལྷག་པར་དུ་བོད་ཀྱི་རིག་གཞུང་གི་ཡང་སྙིང་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བོ་དེ་དག་ཀྱང་དྲ་རྒྱའི་ལམ་ནས་བོད་ཡིག་སྟེང་དུ་མཁོ་འདོན་བྱས་ཚེ་འདི་ཕྱི་གཉིས་ལ་སྨན་པར་འདོད། རིག་གཞུང་གཅེས་འཛིན་གྱི་ཐབས་ལམ་ཡག་ཤོས་ཤིག་ཏུ་ཡང་མཐོང་ངོ་། དཔེར་ན། དྲ་རྒྱའི་སྟེང་གི་བོད་ཀྱི་དཔེ་མཛོད་ཁང་ལྟ་བུ། ( Virtual Tibetan Cultural Library)
༣༽ བོད་ཕྱི་ནང་གི་དྲ་རྒྱའི་ཡིག་གཟུགས་འབྲི་སྟངས་གཅིག་གྱུར། བོད་ཡིག་ཡིན་པ་གཅིག་ལ་གློག་ཀླད་ཀྱི་ལམ་ནས་ཡིག་གཟུགས་འབྲི་སྟངས་གཅིག་གྱུར་མིན་ཚེ་མཐུན་སྒྲིལ་གྱི་རྣམ་པ་དེ་རང་བཞིན་གྱིས་རླག་འགྲོ་བཞིན་ཡོད་ལ། ཕྱི་རབས་པ་རྣམས་ལ་ཡང་དགོས་མིན་གྱི་ལས་ཀ་ལྷག་མ་དང་ཆུ་ཚོད་མང་པོ་ཆུད་ཟོས་སུ་གཏོང་བའི་ཉེན་ཁ་འདུག དེ་བས་དབྱིན་ཡིག་གི་འབྲི་སྟངས་སོགས་ལ་དཔེར་ལྟོས་ཏེ་མཛུབ་གཞོང(keyboard)་སྟེང་གི་རེའུ་མིག་རེ་ལ་ཀ་ཁ་སུམ་ཅུ་སོགས་གློག་ཀླད་མ་ལག་སྒེའུ་ཁུང(Microsoft Windows)་དང་ཡང་ན་ཀུ་ཤུ་ཅན་(Apple Mac)གང་ཡིན་རུང་ཚང་མ་འགྱུར་མེད་དུ་ཡི་གེ་འབྲི་སྟངས་གཅིག་རང་གཅིག་བཟོ་དགོས་པ་ལས་རང་སྲོལ་ངེས་མེད་དུ་བཏོད་ན་རང་མགོ་གཞན་གྱིས་རྡུང་བཞིན་པའི་དུས་འདིར་མཐའ་མཇུག་རང་མགོ་རང་གིས་རྡུང་ཡོང་བར་ཡང་ཐེ་ཚོམ་མི་འདུག འོན་ཀྱང་འབྲི་སྟངས་ཚང་མ་གཅིག་ཡིན་པ་ལ་ཡིག་གཟུགས་ཕུལ་དུ་བྱུང་བ་འདྲ་མིན་སྣ་ཚོགས་ལྡན་ན་རིག་པའི་དེད་དཔོན་ཐོན་མི་མཆོག་གིས་ཤུལ་བཞག་པའི་ཡི་གེའི་བརྒྱན་དུ་འགྱུར་འགྲོ་བར་ཐེ་ཚོམ་ཟ་མི་དགོས་པའང་མཁྱེན་མཁྱེན། དཔེར་ན། འཛམ་གླིང་དུ་བེད་སྤྱོད་པའི་དབྱིན་ཇིའི་དབྱངས་གསལ་གང་ཡིན་རུང་མཛུབ་གཞོང་གི་སྟེང་ནས་འབྲི་སྟངས་དེ་ནམ་ཡིན་ཡང་གཅིག་གྱུར་ཡིན་པ་ལ་ཡིག་གཟུགས་འདྲ་མིན་འདེམས་ཆོག་པ་ལྟ་བུ་རེད།
༤༽ ཀུན་གྱིས་མཁྱེན་གསལ་ལྟར། དྲ་ཐོག་བརྒྱུད་ནས་གནས་ཚུལ་མཁོ་སྤྲོད་བྱེད་པ་དེ་སྐར་གྲངས་ཁ་ཤས་ཀྱི་ལམ་བར་ནས་འཛམ་གླིང་ཀུན་ལ་དར་ཁྱབ་འགྲོ་བཞིན་ཡོད་ལ། དེང་རབས་ཀྱི་སྲིད་འབྱོར་རིག་གསུམ་སོགས་གང་ཡིན་ཡང་དྲ་ཐོག་ནས་མཁོ་འདོན་མ་བྱས་ཚེ། རང་གི་མཐའ་མའི་རྩ་དོན་དང་དམིགས་ཡུལ་དེ་མགྱོགས་པོར་བསྒྲུབ་པར་བཀག་འགོག་དང་ཡང་ན་རྗེས་ལུས་ཀྱི་རྣམ་པ་ཅན་དུ་མཚོན་བཞིན་ཡོད་ལ། ལྷག་པར་དུ་འཛམ་གླིང་སྤྱིས་ཤེས་རྟོགས་དང་རྒྱབ་སྐྱོར་སོགས་ལ་དེ་བས་ཀྱང་ངན་ཤུགས་ཐེབས་བཞིན་ཡོད། དེ་ཕྱིར་ང་ཚོས་བོད་ཀྱི་མ་འོངས་བའི་ལས་དབང་ལ་དམིགས་ཏེ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་དྲ་ཚིགས་རྣམས་ཀྱང་དབྱིན་ཡིག་རྐྱང་བ་མ་ཡིན་པར་བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་ལམ་ནས་ཀྱང་མཁོ་འདོན་བྱེད་ཐུབ་ན་དགོས་བ་ལས་གྱོང་གུད་དུ་མ་མཐོང་། དེའི་རྒྱུ་མཚན་ནི་དགྲ་གྲོགས་སུ་འགུག་པའི་དུས་འདི་ལ་དགྲའི་སྐད་མ་ཤེས་ན་ཕ་རོལ་བས་ཡ་མེད་དུ་འཇོག་སྲིད་ལ། བདེན་པ་ཡོད་ན། བདེན་པ་དེ་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་དེ་དང་དེའི་སྐད་རིགས་ཀྱི་ལམ་ནས་ངོ་སྤྲོད་བྱས་ཚེ་དཀའ་ལས་ཤུགས་ཆེན་མ་བཏོན་པར་ནམ་ཞིག་དགྲ་དེ་ཡང་གྲོགས་སུ་མི་འགྱུར་བ་ག་ལ་སྲིད། མཐའ་དོན་ཐབས་ལམ་དེ་ནི་རྒྱལ་ཁའི་སྔོན་འགྲོ་རུ་གྱུར་ཡོད། ཡིད་སྐྱོ་བ་ཞིག་ལ་༧གོང་ས་མཆོག་གི་དྲ་ཚིགས་གཙོར་གྱུར་བའི་ཁ་ཚ་དགོས་གཏུག་ཏུ་མཁོ་བའི་དྲ་ཚིགས་མང་དག་ཅིག་ད་དུང་ཡང་བོད་ཡིག་གི་ལམ་ནས་མཇལ་མི་ཐུབ་ལ། གལ་སྲིད་རྒྱ་ཡིག་གི་ལམ་ནས་འདོན་ཚེ་ཡང་སྐམ་ས་ཆེན་མོའམ་རྒྱ་ནང་ལོགས་ཀྱི་དྲ་སྤྱོད་པ་ས་ཡ་༤༠༠ ཡི་རྒྱའི་ཡིག་གཟུགས(简体字 Simplified Chinese)་དེ་ལ་བསམ་བློ་བཏང་སྟེ་བཟོ་སྐྲུན་བྱེད་དགོས་པའང་ཤིན་ཏུ་ནས་གལ་ཆེའོ། དེ་ནང་དུ་ད་དུང་རང་རིགས་བོད་མི་དུས་ཀྱི་དབང་གིས་བོད་ཡིག་མི་མཁྱེན་པའི་ཡོན་ཏན་པ་མང་དག་ཅིག་ཀྱང་རྒྱ་ཡིག་གི་ལམ་ལ་མི་བསྟེན་རང་བསྟེན་དུ་ཆགས་ཡོད་པ་མཁྱེན་དགོས་སོ།
༥༽གཞན་བོད་ཀྱི་དྲ་རྒྱའི་སྟེང་ལ་ངེས་པར་དུ་མཁོ་བ་ནི། ཚད་ལྡན་གྱི་བོད་ཡིག་ཚིག་མཛོད་མཉེན་ཆས་དང་བོད་ཡིག་ཡིག་བསྒྱུར་མཉེན་ཆས་དེ་གཉིས་ཡིན། དེ་གཉིས་ཡོད་ཚེ། སྤྱི་བཏང་གི་ཡིག་ནོར་དང་ཡིག་བསྒྱུར་དཀའ་ངལ་དེ་མྱུར་དུ་སེལ་ཐུབ་ལ། བོད་ཀྱི་ཆ་འཕྲིན་ལག་རྩལ་སྟེང་ལ་ཕུལ་བའི་མཛད་རྗེས་ཆེན་པོ་ཞིག་ཀྱང་ཡིན་པ་སྨྲས་མི་དགོས། དཔེར་ན། གྷོ་གོལ(Google)་གྱི་ཡིག་བསྒྱུར་མཉེན་ཆས་དང་མྰ་ཁུ་སོ་ཐུའི་ཡིག་འབྲི་མ་ལག(Microsoft Word)་ནང་དུ་ཡོད་པའི་ཡིག་ནོར་དག་བཅོས་མཉེན་ཆས་ལྟ་བུ་རེད།
༦༽ད་དུང་ལྷག་འཕྲོ་ཁ་ཤས་བློ་ཡིད་ན་ཡོད་མོད། འོན་ཀྱང་ཅི་དང་ཅི་ཞིག་ལའང་ཚད་འཛིན་དགོས་པ་ལྟར། དོན་ཚན་དྲུག་པ་འདི་བརྩེ་ལྡན་གྱི་མཁྱེན་དཔྱོད་ཅན་རྣམས་ལ་ཕུལ་ཡོད་པས་ཁྱེད་རྣམ་པས་ཁ་སྐོང་རོགས་ཞུ། མཐར་ཐུགས་རྗེའི་དབྱིངས་ནས་གཟིགས་རོགས། བཀྲ་ཤིས་བདེ་ལེགས།
༼ ༄༅།། ནོར་བུ་རང་ལ་ཡོད་དུས༎ ནོར་བུའི་ནོར་ཉམས་མ་ཆོད༎ ནོར་བུ་མི་ལ་ཤོར་སྐབས༎ སྙིང་རླུང་སྟོད་ལ་འཚངས་བྱུང་༎ ༽ ཞེས་གསུངས་པ་ལྟར་དུ་མཇུག་བསྡུ་བར་བྱའོ་།།
བོད་ཀྱི་དྲ་མཛོད་ནས། ༢༠༡༠་སྤྱི་ཟླ་༡་ཚེས༡༨ཉིན་ལ་ཕུལ།