ལྷིང་འཇགས་མེད་པའི་ཧི་མ་ལ་ཡ།

ལྷིང་འཇགས་མེད་པའི་ཧི་མ་ལ་ཡ།
འདོན་སྤེལ། ༢༠༠༩/༡༡/༠༢

dolmagyab

“ ཅི་ནས་ཀྱང་། ངས་བོད་མི་ཡོངས་ཀྱི་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་རང་ཉིད་ཀྱིས་གང་ཤེས་པ་འབད་པ་ཆེན་པོས་ཁྱེད་ཅག་ལ་ཞུ་པར་འདོད། གཅིག་བྱས་ན། ཁྱེད་ཅག་གི་སེམས་ནང་ངས་བྱབ་ཆུང་གི་ལས་ཀ་ཞིག་བྱེད་པར་འདོད་མོད། ཕྱོགས་གཞན་ཞིག་ནས་ཁྱེད་ཚོས་ང་རང་དབང་གི་ཆེད་དུ་དགྲ་བོའི་མེ་མདའི་ཁ་རུ་ལངས་བསྡད་ཡོད་པའང་མཐོང་ངེས་ཡིན། གང་ལྟར། འདི་ཚང་མ་ང་ཚོར་རང་དབང་གི་བདེ་སྐྱིད་འཐོབ་ཕྱིར་ཡིན། ,, ཞེས་རྩོམ་པ་པོ་སྒྲོལ་མ་སྐྱབས་ཀྱིས་གསུངས།

རྒྱའི་བཙོན་མུན་དུ་ལུས་ཡོད་པའི་ན་གཞོན་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱིས་རྒྱ་ཡིག་ཐོག་བྲིས་པའི་༼ ལྷིང་འཇགས་མེད་པའི་ཧི་མ་ལ་ཡ ༽ ཞེས་པའི་འབོལ་རྩོམ་རང་བཞིན་གྱི་དཔྱད་རྩོམ་ཕྱོགས་སྒྲིག་གི་དཔེ་དེབ་དེ་བཀའ་ཐུབ་རྒྱལ་ལགས་ཀྱིས་བོད་བསྒྱུར་བྱས་ཏེ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་འགྲེམ་སྤེལ་བྱས་ཡོད། དཔེ་དེབ་འདིའི་ནང་༼ བོད་ཀྱི་ས་ཁམས་ལོ་རྒྱུས་དང་འབྲེལ་བའི་ཐ་སྙད་སྐོར་གླེང་བ ༽ ཞེས་པ་དང་། ༼ བོད་རྒྱལ་ཁབ་ཀྱི་རྒྱལ་དར་སྐོར་གླེང་བ ༽ ༼ བོད་ཆོལ་ཁ་གསུམ་གྱི་འཐབ་ཕྱོགས་གཅིག་གྱུར་སྐོར་གླེང་བ ༽ ༼ དམངས་གཙོ་དབུ་བརྙེས་པའི་སྐོར་གླེང་བ ༽ ༼ རྒྱ་ནག་གི་ཆབ་སྲིད་ལམ་ལུགས་སྐོར་གླེང་བ ༽ ༼ མི་སེར་སྤེལ་བའི་རིང་ལུགས་སྐོར་གླེང་བ ༽ ༼ བོད་ཀྱི་ཉེན་ཚབས་དང་མདུན་སྐྱོད་སྐོར་གླེང་བ ༽ ༼ བོད་ཀྱི་མི་རབས་གསར་བའི་སྐོར་གླེང་བ ༽ ༼ བོད་རྒྱལ་ཁབ་ཀྱི་གཤིས་ཀའི་སྐོར་གླེང་བ ༽ ༼ བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་ཡི་གེ་ཞིག ༽ བཅས་བསྡོམས་པའི་ས་བཅད་ ༥༧ དང་ཤོག་ངོས་ ༦༣༠ ཙམ་ཡོད་ལ།

དཔེ་དེབ་དེའི་གླེང་བརྗོད་ནང་རྩོམ་པ་པོ་སྐུ་ཉིད་ཀྱིས། ང་ནི་མི་རིགས་ཀྱི་ཐུ་འོག་ནས་འཚར་ལོངས་བྱུང་ཞིང། ངས་རང་ཉིད་ཀྱི་མི་རིགས་འདི་འཛམ་གླིང་གི་ཡང་རྩེ་རུ་འཚོ་གནས་བྱེད་པ་མཐོང་། ངས་སླར་ས་ལ་ཉལ་ནས་འཛམ་གླིང་ལ་ལྟ་སྐབས། རང་དབང་མེད་པར་མིག་ཆུ་ཤོར་བ་དང་། དེ་ནི་བག་ཡོད་ཀྱི་མིག་ཆུ་ཞིག་ཡིན། ང་ནི་ཕ་མ་ཡི་བྱམས་བརྩེའི་འོག་འཚར་ལོངས་བྱུང་ཞིང་། ངས་ཕ་མ་ཡི་དཔྲལ་བའི་སྟེང་། ང་ལ་བཅངས་པའི་བྱམས་བརྩེའི་གཉེར་རིས་དེ་མཐོང་སྐབས། སླར་ཡང་འགོག་ཐབས་མེད་པར་མིག་ཆུ་ཤོར། དེ་ནི་བརྩེ་དུང་གི་མིག་ཆུ་ཡིན། དེར་བརྟེན། ངས་རང་ཉིད་ཀྱི་མི་རིགས་དང་། རང་ཉིད་ཀྱི་ཕ་མ་དང་འདྲ་བའི་མི་རྣམས་ལ་དོན་ཆེན་ཞིག་བསྒྲུབ་པར་འདོད། ངས་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་བྱ་རྒྱུ་ཁག་པོ་ཞིག་ཡིན་པ་རྟོགས་ཀྱང་། ངས་རང་ཉིད་ཀྱི་བསྒྲུབ་བྱའི་ལྟ་བའི་ཐོག་ནས་མི་རྣམས་ཀྱི་སེམས་པ་འགུགས་ཐབས་བྱེད་པར་འདོད་པ་ལས། རང་ཉིད་ཀྱི་སྤྱོད་པའི་ཐོག་ནས་མི་རྣམས་ལ་ལམ་སྟོན་བྱ་མི་འདོད། ངས་མ་འོངས་པར་རང་ཉིད་ཀྱི་མི་ཚེ་འཚོ་བའི་ནང་། ཞབས་འདེགས་ཅི་ཞིག་བསྒྲུབ་པའི་གོ་སྐབས་ཡོད་མེད་ཀྱང་བཤད་མི་ཤེས། འོན་ཀྱང་། ང་ལ་མདུན་པ་ཞིག་ཡོད་པ་ནི། ཉིན་ཞིག་ང་ཚོའི་བླ་ན་མ་མཆིས་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕ་ཡུལ་དུ་གདན་འདྲེན་ཞུ་རྒྱུ་དེ་ཡིན། ངའི་རེ་བ་ལ་བོད་མི་ཡོད་དོ་ཅོག་ནས་ང་ཚོའི་ཕ་ཡུལ་དེ་གཙང་མ་ཉར་རོགས།

ཡང་ཁོང་གིས་དཔེ་དེབ་ཀྱི་མཇུག་བྱང་ནང་བཀོད་དོན། ངས་ཐག་གཅོད་བྱ་རྒྱུ་ཞིག་ལ། གལ་སྲིད་ངའི་དེབ་འདི་ལ་འཐོབ་འོས་པའི་ལས་ཀའི་རིན་ཐང་དེ་ཐོབ་པ་ཡིན་ན། དེབ་འདིའི་ཡོང་འབབ་ཀྱི་བརྒྱ་ཆ་ ༣༠ ཅུ་རྒྱ་ནག་གི་བྱིས་པ་དབུལ་བོའི་སློབ་གསོའི་ཆེད་གཏོང་རྒྱུ་དང་། བརྒྱ་ཆ་ ༣༠ བོད་པའི་བྱིས་པ་དབུལ་བོའི་སློབ་གསོའི་ཆེད་གཏོང་རྒྱུ། དེ་ནས་ལྷག་འཕྲོས་བརྒྱ་ཆ་ ༤༠ ཡོད་པ་ལས་བརྒྱ་ཆ་ ༡༥ རྒྱ་གར་དུ་ཡོད་པའི་གསོག་སྒར་སློབ་གྲྭའི་སློབ་མ་ཚོའི་ལག་དངུལ་ཆེད་གཏོང་རྒྱུ་དེ་ཡིན། འདི་ནི་སློབ་གྲྭ་དེ་རུ་ང་ལ་སློབ་སྦྱོང་ཐོབ་པས་དྲིན་ལན་འཇལ་བ་ཞིག་ཡིན་ལ། ངའི་ཕ་མ་གཉིས་ཀྱི་རེ་བ་ཆེ་ཤོས་ཀྱང་དེ་ཡིན། འདི་ལས་ལྷག་པའི་འཇོན་ཐང་ང་ལ་མེད། ཅེས་བཀོད་འདུག

དེ་བཞིན། དཔེ་དེབ་སྒྱུར་བ་བོའི་གཏམ་དུ་བཀོད་དོན། ངའི་མཐོང་སྣང་ལ། རང་རེའི་བོད་མི་རྣམས་ལ་མཚོན་ན། སྐུ་ཞབས་སྒྲོལ་མ་སྐྱབས་ལགས་ཀྱིས་བརྩམས་པའི་དེབ་འདི་ནི་ཆེས་རིན་ཐང་ལྡན་པ་ཞིག་སྟེ། མི་ཚང་མས་ཁོང་གི་དེབ་འདི་མགོ་ནས་མཇུག་བར་ཆ་ཚང་བ་ཞིག་བཀླགས་ཏེ། དེའི་དགོངས་དོན་རྣམས་ཡང་ནས་ཡང་དུ་བསམ་གཞིགས་གནང་དགོས་པ་མ་ཟད། ཁོང་གི་དེབ་འདི་བོད་མིའི་ཆབ་སྲིད་ལམ་སྟོན་གྱི་ལག་དེབ་བཞིན་ནམ་ཡང་རང་ལུས་དང་ཁ་མ་བྲལ་བར་དུས་ཚོད་ནམ་ཡོད་ལ་བཀླག་རྒྱུ་ཤིན་ཏུ་གལ་ཆེ་བར་སྙམ། ཞེས་བཀོད་འདུག

སྐུ་ཞབས་སྒྲོལ་མ་སྐྱབས་ནི། ཕྱི་ལོ་ ༡༩༧༦ ལོར་མཚོ་སྔོན་བྱང་ཁུལ་མདོ་རྫོང་དུ་ཕ་མཁས་བཙུན་དང་མ་སྒྲོལ་གཉིས་ཀྱི་བུ་རུ་སྐྱེས། སློབ་གྲྭ་ཆུང་འབྲིང་ཐོན་རྗེས་ ༡༩༩༥ ལོར་དགེ་འོས་སློབ་སྦྱོང་གནང་མཐར་མདོ་ལ་རྫོང་གི་འབྲིང་རིམ་སློབ་གྲྭ་ཞིག་ནས་དགེ་རྒན་གནང་། ༢༠༠༣ ལོར་པེ་ཅིན་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་སྦྱོང་གནང་ཞིང་། དེའི་རྗེས་རྒྱ་གར་དུ་ཡོང་སྟེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་དབྱིན་ཡིག་སྦྱངས། ༢༠༠༥ ཟླ་ ༥ བར་ཕྱིར་བོད་དུ་ལོག་སྟེ་ལྷ་སའི་སློབ་གྲྭ་ཞིག་ཏུ་ལོ་རྒྱུས་དགེ་རྒན་གྱི་ཕྱག་ལས་གནང་སྐབས། ལོ་དེིའི་ཟླ་ ༣ ཚེས་ ༩ ཉིན་རྒྱ་གཞུང་གི་ཉེ་རྟོག་པས་འཛིན་བཟུང་བྱས་ཤིང་། ལོ་དེའི་ཟླ་ ༡༡ ཚེས་ ༣༠ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་ཉེས་མིང་བཏགས་ཏེ་ལོ་ ༡༠ ཡི་ཁྲིམས་ཐག་བཅད་དེ། ད་ལྟ་ཁོང་ཉིད་ལྷ་སའི་ནུབ་ཕྱོགས་ཆུ་ཤུལ་བཙོན་ཁང་དུ་བཅུག་ཡོད།

(Source:tibettimes.net)

No Comments | Filed under News, Tibetan Language